查看原文
其他

༄༅། །ཕ་ཡུལ་ན་ཁྱེད་ཉིད་དྲན་པའི་མཚོ་མོ་འཁྱིལ།

TB菩提树园 爱情孤岛 2020-02-27


ཐོག་ལྕེའི་གླིང་ག

ཕ་ཡུལ་ན་ཁྱེད་ཉིད་དྲན་པའི་མཚོ་མོ་འཁྱིལ།

རྩོམ་པ་པོ། ཐོག་ལྕེ། 

 ༡

   དགའ་ལོ་མ། ཁྱེད་རང་གང་ན་ཡོད། སྐུ་བདེ་བར་བཞུགས་སམ་ལགས། བདུན་ཕྲག་ཅིག་གི་སྔོན་དུ་ང་རང་ཡུལ་དབུས་ལྷ་ས་ནས་ཕྱིར་ཕ་ཡུལ་ཨ་མདོར་ལོག་བཞིན་ཡོད། མེ་འཁོར་དུ་གྲོགས་པོ་འགའ་དང་ལྷན་དུ་ཡོང་བ་ཡིན། ལམ་ཐག་རིང་མོ་གཏམ་གྱིས་ཆོད་དགོས་ཟེར་དཔེ་མོད། གཏམ་གྱིས་དངོས་ནས་ལམ་ཐག་རིང་མོའི་དོ་ཡ་གཏན་ནས་མི་ཡོང་ལ། ཨོང་ཀྱོག་ཏུ་ཉིན་མཚན་བརྒལ་ནས་ཡོང་རྒྱུར་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། ལྷ་ས་ནས་ཨ་མདོའི་རྫོང་དང་། དེ་ནས་ན་གོར་མོ་ལ་འགྲོ་བར་ཕྱོགས་པའི་དུས་དེར་ངས་ཚོད་ཚོད་མེད་པར་ཁ་པར་ནས་རང་གིས་གཅེས་ཉར་བྱས་པའི་དགའ་ལོ་མ་ཁྱེད་ཀྱི་པར་ཅིག་མིག་ཡིད་ལ་ཐོགས་ཏེ་དར་ཅིག་སྨྲ་བ་ཡོངས་སུ་འགག་པར་གྱུར། དེ་ནས་ངས་ཁོ་ལ་ཁོ་མོ་ནི་ངའི་ཚེ་འདིར་ཞེ་ཡིད་གཏིང་ནས་ཆགས་ས་དང་། ཞེ་ཕུགས་རྩ་ནས་བརྗེད་དཀའ་བའི་དགའ་མ་དེ་ཡིན་ཞེས་ལབ་པ་ཡིན། རིམ་བཞིན་འུ་གཉིས་ཀྱིས་ཕན་ཚུན་ལ་སྔོན་ཆད་རང་སེམས་སོང་བའི་སྙིང་གི་དགའ་མ་དང་འབྲེལ་བའི་བརྩེ་དུང་སྐོར་ནས་ཁ་བརྡ་བྱེད་བཞིན་ཡོང་བ་ཡིན། 

  དགའ་ལོ་མ། ཁྱེད་ཀྱིས་ཨེ་ཤེས། འུ་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་འདེབ་སའི་ཨ་མདོ་ལུང་བ་དང་ཁ་ཐག་ཇི་ལྟར་ཉེ་རུ་ཕྱིན་ན། ཁྱེད་ལ་བརྒྱུས་པའི་ངའི་ཚོར་བའི་རྒྱུན་སྐུད་ཇེ་དམ་དུ་སོང་སྟེ་དབུགས་ཀྱི་རྒྱུ་བ་ཇེ་མྱུར་དུ་གྱུར་ལ། སྙིང་གི་ཟུངས་ཁྲག་ཏུ་འཐིམས་པའི་ཁྱེད་ཀྱི་དྲན་པ་སླར་ཡང་གསོས་པར་གྱུར་ནས་ཞེ་སྨྲེང་བའི་སྨུག་ཀློང་འཁྲིགས་སོང་། དབྱར་དྲུག་པའི་ཟླ་དཀྱིལ་འདི་ལ་རང་བྱུང་གི་མེ་ཏོག་སླར་ཡང་ཁྲ་ཆིལ་ལེར་བཞད་དེ་ཕན་ཚུན་འཁྲིལ་ནས་དགའ་མགུ་ལ་རོལ་ཐུབ། ཡིན་ཡང་འུ་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་རྙིད་ཀྱང་རུལ་བའི་ལོ་འདབ་སིལ་བ་དག་རླུང་གིས་ཕྱོགས་ངེས་མེད་དུ་ཁུར་བ་བསྐྱར་དུ་འདུས་འགྲུབ་ཀྱི་སྐལ་བ་ཉག་རེ་ཙམ་ཡིན་པ་ངས་ལོས་ཤེས། ས་བོན་མེ་ཡིས་འཚིག་པར་མ་གྱུར་བ་དེ་སྲིད་དུ་འུ་གཉིས་ཀྱི་བརྩེ་དུང་ལ་དཔྱིད་མགོ་ཚུགས་ནས། ལོ་འདབ་ཀྱི་བཅུད་དུ་གེ་སར་སྦྲུམ་པའི་དབྱར་གྱི་དུས་ཚིགས་སླར་ཡང་སླེབས་པར་ཁ་ཐག་ཤིན་ཏུ་ཉེ་བས། ངས་རེ་བ་ཁྲི་མ་འབུམ་གྱི་མེ་ཏོག་གི་མགུལ་རྒྱན་ཞིག་བསླེས་ནས་ཁྱེད་ལ་ལྷ་ཚོགས་ཀྱིས་བྱིན་གྱིས་བརླབས་པའི་ཐ་སྙད་ཀྱི་ཁྱེའུ་དག་ཁྲིད་དེ་ཁྱེད་ཀྱི་མཆུ་སྒྲོས་དང་། སྙིང་ཤ་ལ་འོ་ཞིག་བྱེད་ན་ལོས་འདོད་ལགས། ཡིན་ཡང་འུ་གཉིས་ཀྱི་བརྩེ་དུང་གི་ས་བོན་དེར་སྨིན་པའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བར་རེ་ཞིག་མེད་འགག་ཏུ་གྱུར་བའི་ཆ་ཉིད་ཚེ་འདིར་ཇི་ལྟར་རེ་བཅོལ་ཀྱང་འབྲས་རྟགས་མེད་པ་ཡང་ངས་ཚོད་དཔག་གི་རིགས་པས་འདེད་ཐུབ། དེའི་ཕྱིར་ངས་ནམ་དུ་ཡང་མ་འོངས་སྨིན་འགྱུར་གྱི་འུ་གཉིས་ཀྱི་བརྩེ་དུང་དེ་སྐྱེ་བ་ཕྱི་མར་རེ་བཅོལ་བ་ཡིན། སྐྱེ་བ་འདིར་ལས་འབྲས་བརྩི་མཐོང་གི་དྲང་ལམ་ལ་སྨོན་ལམ་བཟང་བོས་མཚམས་སྦྱར་བའི་མཐུ་ནུས་ཀྱིས་སྐྱེ་བ་ཕྱི་མར་ངའི་གཉིས་ཀྱི་བརྩེ་དུང་གི་ས་བོན་ལ་དཔག་བསམ་འཁྲི་ཤིང་ཞིག་འབྱུང་བར་འདོད་བཞིན་ཡོད།

    དོ་ནུབ་ང་ཕ་ཡུལ་དུ་སླེབས་ནས་ཉིན་ཞག་བརྒྱད་པ་ཡིན། སྤྱིར་ཡིན་ན་ཁྱེད་རང་ངའི་གམ་དུ་བསྙེས་ནས་ཁ་བརྡ་བག་ལྷོད་པ་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ་སྲིད་མོད། ལས་དབང་གི་བཙན་ཚུགས་འདི་ཡི་རྒྱ་ལས་སུ་ཞིག་འགོངས་བར་ནུས། ང་རང་ཡིད་ཆད་ནས་ངའི་གཉིས་ཀྱི་ཕྱིར་དྲན་གྱི་གླེགས་བམ་གསེང་དུ་འཛུལ་ཏེ་འགྲོས་དལ་བའི་གོམ་སྟབས་ཀྱིས་རྒྱང་རིང་པོར་འཐེན་པ་ཡིན། གལ་ཏེ་ཕྱིར་དྲན་གྱི་གླེགས་བམ་འདི་ཤོག་བུ་ཞིག་ཡིན་ཚེ། ངའི་བསྐྱར་ཀློག་གི་ཁ་གྲངས་ཀྱིས་ཤོག་ངོས་རལ་ཏེ་ལྟ་བཟོད་མེད་པ་ཞིག་ཏུ་ཆགས་ཡོད་པ་ཁོ་ཐག་ནང་ནས་ཆོད་ཡོང་། ངས་འདི་ལྟར་ཁྱོད་དང་ཁ་ཐག་ཤིན་ཏུ་ཉེ་བའི་ཕ་ཡུལ་ནས་ཀྱང་ཕྱིར་དྲན་དང་འཆར་ཡན་གྱི་ཀློང་རིམ་ནས་ཁྱོད་རང་འཚོལ་བ་ལས་ཐབས་གཞན་ཅི།ཀྱི་ཧུད་་་་་་་་་་་་དགའ་ལོ་མ།

ཕྱི་ལོ་༢༠༡༩/༧/༡༧ཉིན་ལ་ཕ་ཡུལ་ནས་བྲིས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存